ལེ་ཝིའི་ཚུལ་ཁྲིམས།5bod_ntb
1གལ་སྲིད་མི་ཞིག་གིས་སྡིག་པ་བྱས་པ་སྟེ། མནའ་བསྐྱལ་བའི་གཏམ་ཐོས་ཤིང་ཁོ་རང་དཔང་བོ་ཡིན་ནའང་། ཁོས་ཅི་མཐོང་བ་གང་ཤེས་པ་དེ་སྙན་སེང་མ་ཞུས་ན། ངེས་པར་རང་གི་ཆད་པ་འཁུར་དགོས།2ཡང་མི་ཞིག་གིས་མི་གཙང་བའི་རྫས་གང་རུང་སྟེ། གཅན་གཟན་མི་གཙང་བའི་རོའམ། སྒོ་ཕྱུགས་མི་གཙང་བའི་རོའམ། ལྟོ་འགྲོ་སེམས་ཅན་མི་གཙང་བའི་རོ་ལ་རེག་པ་གང་ཡིན་ཡང་། མི་དེས་མ་ཤེས་ནའང་མི་གཙང་བ་ཡིན་པས་ཉེས་པ་ཡོད་དོ། །3ཡང་ན་ཁོས་མི་ལས་བྱུང་བའི་མི་གཙང་བའི་རྫས་གང་རུང་སྟེ། མི་བཙོག་པར་བྱེད་པའི་མི་གཙང་བའི་རྫས་གང་རུང་ཞིག་ལ་རེག་ན། ཁོས་མ་ཤེས་ནའང་དེ་མི་གཙང་བ་ཡིན་པ་རྟོགས་ན་དེ་ནི་ཉེས་པ་ཡིན།4ད་དུང་མི་ཞིག་གིས་ཁ་ནས་ཅི་མི་སྙམ་པར་མནའ་བསྐྱལ་ན། ངན་སེམས་བཟང་སེམས་གང་ཞིག་བཅངས་ནས་བསྐྱལ་ནའང་། དེས་འཛེམ་དོགས་མེད་པར་དོན་གང་ཞིག་གི་སྟེང་ཅི་མི་སྙམ་པར་མནའ་བསྐྱལ་བ་ཡིན་ན། ནམ་ཞིག་ཁོས་ཤེས་མ་ཐག་ཏུ་དེའི་ནང་གི་དོན་ཞིག་གི་སྟེང་ཉེས་པ་ཡོད།5ཁོ་ལ་དེའི་ནང་གི་དོན་གང་རུང་ཞིག་གི་སྟེང་ཉེས་པ་ཡོད་ཚེ་སྡིག་པ་མཐོལ་བཤགས་བྱེད་དགོས་ལ།6རང་བྱས་ཀྱི་སྡིག་པའི་ཕྱིར་དུ། རང་གི་ཉེས་སེལ་མཆོད་པའི་ཕྱུགས་ཏེ། ལུག་ཁྱུ་ལས་མོ་ལུག་གཅིག་གམ་ཡང་ན་ར་མ་གཅིག་དཀོན་མཆོག་ཡ་ཝཱེ་ལ་སྡིག་བཤགས་མཆོད་པར་འབུལ་དགོས་ཤིང་། མཆོད་དཔོན་གྱིས་ཁོ་རང་གི་སྡིག་པ་བཤག་པར་བྱེད་དོ། །7གལ་སྲིད་མི་དེས་ལུ་གུ་གཅིག་འབུལ་མི་ནུས་ན། རང་བྱས་ཀྱི་སྡིག་པའི་ཕྱིར་དུ། བྱ་ཐི་བ་གཉིས་སམ་ཕུག་རོན་ཆུང་ངུ་གཉིས་དཀོན་མཆོག་ཡ་ཝཱེ་ལ་ཉེས་སེལ་མཆོད་པར་འབུལ་དགོས་ཏེ། གཅིག་ནི་སྡིག་བཤགས་མཆོད་པར་འབུལ་བ་དང་། ཅིག་ཤོས་ནི་སྦྱིན་སྲེག་ཏུ་འབུལ་བར་བྱའོ། །8ཁོས་དེ་རྣམས་མཆོད་དཔོན་གྱི་དྲུང་དུ་འཁྱེར་འོང་བ་དང་། མཆོད་དཔོན་གྱིས་ཐོག་མར་སྡིག་བཤགས་མཆོད་པ་འབུལ་བ་སྟེ། འདབ་ཆགས་ཀྱི་སྐེ་གཅུས་ནའང་དེ་གཅོད་པར་མི་བྱ།9མཆོད་དཔོན་གྱིས་སྡིག་བཤགས་མཆོད་པའི་འདབ་ཆགས་ཀྱི་ཁྲག་ཉུང་ཙམ་ཞིག་མཆོད་ཁྲིའི་ལོགས་སུ་གཏོར་བ་དང་། ཁྲག་ལྷག་མ་རྣམས་མཆོད་ཁྲིའི་ཞབས་རའི་སྟེང་ལྡུག་དགོས། དེ་ནི་སྡིག་བཤགས་མཆོད་པ་ཡིན་ནོ། །10ཡང་ཁོས་སྲོལ་ཡིག་བཞིན་དུ་འདབ་ཆགས་གཞན་པ་དེ་སྦྱིན་སྲེག་ཏུ་འབུལ་དགོས་ཤིང་། མཆོད་དཔོན་གྱིས་མི་དེའི་རང་བྱས་ཀྱི་སྡིག་པ་བཤག་དགོས་ལ། མི་དེར་སྡིག་སེལ་འཐོབ་པར་འགྱུར་རོ། །11གལ་སྲིད་ཁོས་བྱ་ཐི་བ་གཉིས་སམ་ཡང་ན་ཕུག་རོན་ཆུང་ངུ་གཉིས་འབུལ་མི་ནུས་ན། རང་བྱས་ཀྱི་སྡིག་པའི་ཕྱིར་དུ་གྲོ་ཞིབ་ཨེ་ཕཱ་གཅིག་གི་བཅུ་ཆ་གཅིག་སྡིག་བཤགས་མཆོད་པར་འབུལ་དགོས། དེའི་སྟེང་སྣུམ་དང་སྤོས་དཀར་གང་ཡང་འཇོག་མི་དགོས། ཅི་ལ་ཞེ་ན། དེ་ནི་སྡིག་བཤགས་མཆོད་པ་ཡིན་པའི་ཕྱིར་རོ། །12དེ་ཡང་ཁོས་གྲོ་ཞིབ་དེ་མཆོད་དཔོན་གྱི་དྲུང་དུ་འཁྱེར་འོང་བ་དང་། མཆོད་དཔོན་གྱིས་དེ་ལས་ཁྱོར་བ་གང་དྲན་རྟེན་དུ་བླངས་ནས། མཆོད་ཁྲིའི་སྟེང་དཀོན་མཆོག་ཡ་ཝཱེའི་མེ་མཆོད་ཀྱི་ཁར་སྦྱིན་སྲེག་གཏོང་དགོས་ལ། དེ་ནི་སྡིག་བཤགས་མཆོད་པ་ཡིན།13ཡང་ཁོས་དོན་དེ་རྣམས་ཀྱི་ཐད་བསགས་པའི་སྡིག་པ་གང་ཡིན་ནའང་། མཆོད་དཔོན་གྱིས་མི་དེའི་སྡིག་པ་དེ་བཤག་པར་བྱ་ཞིང་དེ་ལ་སྡིག་སེལ་འཐོབ་པར་འགྱུར། དེའི་ལྷག་མ་ནི་འབྲུ་རིགས་ཀྱི་མཆོད་པ་དང་འདྲ་བར་ཡོངས་རྫོགས་མཆོད་དཔོན་ལ་དབང་བར་འགྱུར་ཞེས་བཤད་དགོས་པར་བཀའ་བསྩལ་ཏོ། །