ཨེས་ཡོབ།17bod_ntb
1ངའི་དབུགས་ཆད་ཅིང་ང་ཡི་ཚེ་རྫོགས་པས། ། དུར་ཁྲོད་བདག་ཆེད་གྲ་སྒྲིག་བྱས་ཟིན་ཏེ། །2ཁྲེལ་དགོད་བྱེད་མཁན་དངོས་གནས་བདག་དང་མཉམ་དུ་གནས། ། ང་ཡི་མིག་གིས་ཁོ་ཚོའི་གྱེན་ལོག་སྣང་ཚུལ་མཐོང་། །3ཁྱེད་ཀྱིས་དངོས་སུ་བདག་ལ་གཏའ་མ་གནང་བར་མཛོད། ། ང་ལ་ཁག་ཐེག་བྱེད་མཁན་ཁྱེད་ལས་གཞན་སུ་ཡོད། །4དེ་དག་སེམས་ཀྱི་ཤེས་རབ་སྦས་མཛད་པས། ། ཁྱེད་ཀྱིས་དེ་དག་མཐོ་སར་མི་འཇོག་སྟེ། །5སྐལ་བ་ཐོབ་ཆེད་མཛའ་བོ་གཏུག་མཁན་རྣམས། ། དེ་ཡི་བུ་ཕྲུག་མིག་ནི་ཞར་གྱུར་ཅིག །6ཁོང་གིས་ང་རང་མི་རྣམས་གཏམ་དཔེར་མཛད། ། མི་ཡིས་བདག་གི་གདོང་ལ་མཆིལ་མ་གཏོར། །7སྡུག་བསྔལ་རྐྱེན་གྱིས་ངའི་མིག་རབ་རིབ་གྱུར། ། ང་ཡི་རྐང་ལག་གྲིབ་མ་ཙམ་དུ་གྱུར། །8དྲང་པོ་རྣམས་ནི་འདི་ལ་ཧ་ལས་ཤིང་། ། ཉེས་མེད་རྣམས་ཀྱིས་ཆོས་མེད་དག་ལ་རྒོལ། །9དྲང་བདེན་དག་གིས་རང་ལམ་བསྲུང་བ་དང་། ། ལག་གཙང་མི་ལ་སྟོབས་ཁར་སྟོབས་ཤུགས་འཛོམས། །10འོན་ཀྱང་ཁྱོད་ཅག་ཐམས་ཅད་ཕྱིར་ལོག་ཤོག ། ཁྱོད་རྣམས་ཁྲོད་དུ་བློ་ལྡན་གཅིག་ཀྱང་མེད། །11ང་ཡི་ཉིན་མོ་རྣམས་ནི་འདས་ཟིན་ཏེ། ། ཐབས་ཇུས་དང་ནི་སེམས་ཀྱི་རེ་འདུན་ཆད། །12དེ་ཚོས་མཚན་མོ་ཉིན་མོར་བསྒྱུར་བྱེད་ཅིང་། ། མུན་པར་ཐུག་ཀྱང་འོད་ནི་ཉེ་བར་སྨྲ། །13གཤིན་ཁམས་རང་གི་ཁྱིམ་དུ་འདོད་ནས་ནི། ། རང་གི་མལ་ཆས་སྨག་རུམ་དུ་བཏིངས་ཚེ། །14བདག་གིས་གཤིན་པོའི་ཡུལ་ལ་ནི། ། ཁྱོད་ནི་ང་ཡི་ཕ་ཡིན་ཞིང་། ། འབུ་ཁྱོད་ང་ཡི་མ་དང་ནི། ། ལྕམ་སྲིང་ཡིན་ཞེས་སྨྲས་གྱུར་ན། །15དེ་ནས་བདག་གི་རེ་བ་གང་དུ་ཡོད། ། བདག་གིས་བཅངས་པའི་རེ་བ་སུས་མཐོང་ཡོང་། །16རེ་བ་དེ་ནི་བདག་མཉམ་དུར་སྒོར་བབས་ནས་ནི། ། བདག་དང་ལྷན་ཅིག་ས་རྡུལ་ནང་དུ་གནས་འགྱུར་རམ། །